2010-05-23

༅༅། །གྲོས་མཐུན་དོན་ཚན་བཅུ་བདུན་དུ་འབོད་པའི་ནང་མ་གསལ་བའི་བོད་རྒྱའི་དབར་གྱི་གྲོས་མཐུན་གལ་ཆེན་ཞིག

ཕར་བལྟས་ན་སྲིད་བློན་གཉིས་གིས་མ་ཚད་ཏཱ་ལའི་དང་དེའི་ཚོགས་ཁག་གི་མི་མང་ཆེ་བས་ཀྱང་གྲོས་མཐུན་ཆོད་ཡིག་དེ་ཁས་མ་བླངས་ཀ་མེད་བྱུང་བ་ཅིག་རེད་བསམ་པར་རྟེན་ལག་ལེན་བྱེད་འདོད་ཡོད་པ་མ་རེད། དེང་སྐབས་ང་ཚོར་གྲོས་མཐུན་ཆོད་ཡིག་གི་དོན་ཚན་ཚང་མ་ལག་ལེན་བྱེད་རྒྱུའི་དངོས་པོའི་རྨང་གཞི་མེད་པར་མ་ཟད། གྲོས་མཐུན་ཆོད་ཡིག་གི་དོན་ཚན་ཚང་མ་ལག་ལེན་བྱེད་རྒྱུའི་མང་ཚོགས་གི་རྨང་གཞི་མེད་ལ། གྲོས་མཐུན་ཆོད་ཡིག་གི་དོན་ཚན་ཚང་མ་ལག་ལེན་བྱེད་རྒྱུའི་མཐོ་རིམ་གི་རྨང་གཞི་ཡང་མེད་པས། གལ་ཏེ་ཨུ་བཙུགས་གིས་ལག་ལེན་བྱས་ན་གནོད་ཆེ་ཕན་ཆུང་ཅིག་ལས་ཡོང་གི་མ་རེད། ཁོང་ཚོས་ལག་ལེན་བྱེད་འདོད་བྱེད་གི་མེད་ནའང་འགྲིག་གི་རེད། མིག་སྔར་ང་ཚོས་ལག་ལེན་མི་བྱེད་པར་དུས་ཚོད་ཏོག་ཙམ་ནར་འགྱང་བྱས་ནས་གནས་ཚུལ་ལ་བལྟས་ཆོག་གི་རེད། དུས་ཚོད་ནར་འགྱང་ཇི་ཙམ་བྱས་ན་ང་ཚོའི་རྒྱུ་མཚན་དེ་ཙམ་གིས་་མང་དུ་འགྲོ་བ་དང༌། ཁོ་ཚོའི་རྒྱུ་མཚན་དེ་ཙམ་གིས་ཉུང་དུ་འགྲོ་གི་རེད།  ....མའོ་ཙེ་ཏུང་གི་གསུང་རྩོམ་དེབ་ལྔ་པ། ཤོག་ངོས་ ༨༥།༨༦ ལ་གསལ།

༅༅།། དེ་རིང་ནས་(༢༠༡༠ ཟླ་ ༥ ཚེས་ ༢༣ )ཡར་བརྩིས་པའི་ལོ་ངོ་ ༥༩ གོང་དུ་རྒྱ་ནག་གཞུང་གི་དམག་ཤུགས་དང་གཡོ་བྱུས༌ཡོད་རྒུ་བཀོལ་ཏེ་བོད་ཀྱི་སྐུ་ཚབ་ཚོར་བཙན་དབང་གི་སྒོ་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་མིང་རྟགས་བཀོད་དུ་བཅུག་པར་མ་ཟད། བོད་ཕྱོགས་ཀྱི་སྐུ་ཚབ་ཚོའི་དམ་ཕྲུག་ཚུན་ནས་རྫུན་བཟོ་བྱས་ཏེ་ཕབ་རྒྱག་བྱས་ཚུལ་རྣམས་བོད་རྒྱའི་ལོ་རྒྱུས་དང་འབྲེལ་ལམ་ལ་ཐུགས་སྣང་ཅན་ཚང་མས་མཁྱེན་གསལ་རེད།
          གྲོས་མཐུན་དེ་བཞག་སྟེ་ཉིན་བཞི་སོང་བའི་མཚམས་ཏེ་ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༧ ཉིན་གཞི་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་བོད་གཞུང་གིས་པེ་ཅིང་གི་རླུང་འཕྲིན་བརྒྱུད་གྲོས་མཐུན་དེ་འདྲ་ཞིག་བཞག་པ་རོབ་ཙམ་མཁྱེན་རྟོགས་བྱུང་ཡོད། སྐབས་དེར་༸གོང་ས་མཆོག་རྒྱ་གར་དང་ཐག་ཉེ་བའི་བོད་ཀྱི་ས་གནས་གྲོ་མོར་བཞུགས་ཡོད་ཅིང་། བོད་གཞུང་གི་གནད་ཡོད་མི་སྣ་ཚོའི་ཁྲོད་དུ་ཡང་སྙིང་༸གོང་ས་མཆོག་རྒྱ་གར་དུ་ཕེབས་དང་བོད་དུ་མུ་མཐུད་བཞུགས་དགོས་མིན་ཐད་རྩོད་གླེང་ཆེན་པོ་ཡོད།
       ༸གོང་ས་མཆོག་གིས་གྲོས་མཐུན་ལ་ངོས་ལེན་མ་གནང་བར་བཙན་བྱོལ་དུ་ཕེབས་རྒྱུ་སྔོན་འགོག་གི་ཆེད་དུ་རྒྱ་ནག་གཞུང་གིས་ཀྲང་ཅིང་ཝུ་ཆེད་མངགས་རྒྱ་གར་བརྒྱུད་དེ་གྲོ་མོར་མངགས་པ་ལྟར་ཕྱི་ཟླ་ ༧ ཚེས་༡༦ ཉིན་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཏེ་བོད་གཞུང་ལ་གྲོས་མཐུན་དོན་ཚན་ ༡༧ བཞག་ཟིན་པས། དེ་ལ་མོས་མཐུན་གྱི་ཏར་ཡིག་ཅིག་ངེས་པར་འབུལ་དགོས་ཞེས་ཨུ་ཚུགས་བྱས་པར། བོད་གཞུང་གིས་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་བོད་དུ་འཁོར་ཏེ་གནས་ཚུལ་གསལ་བཤད་བྱུང་མཚམས་ཏར་གཏོང་དགོས་མིན་ཐག་གཅོད་གནང་རྒྱུ་ཡིན་ལུགས་གསུངས་པར་མ་ཟད། ཕྱི་ཟླ་ ༧ ཚེས་ ༢༠ ཉིན་བོད་གཞུང་གིས་མའོ་ཙེ་ཏུང་ལ་ཏར་བཏང་སྟེ། "ང་ཕོད་ལྷ་སར་ཕྱིར་ལོག་རྗེས་གྲོས་མཐུན་གྱི་མ་ཡིག་འབྱོར་མཚམས་ཚོགས་ཆེན་སྐོང་ཚོགས་ཀྱིས་གྲོས་བསྡུར་བྱས་ཐོག་གཞི་ནས་བལྟ་རྒྱུ་ཡིན་"[1]ཞེས་བརྗོད་པ་རེད།
          ཀྲང་ཅིང་ཝུ་ཟླ་ ༨ ཚེས་ ༨ ཉིན་ལྷ་སར་སླེབས་པ་དང་། ༸གོང་ས་མཆོག་ཟླ་ ༨ ཚེས་ ༡༧ ཉིན་ལྷ་སར་ཆིབས་བསྒྱུར་གནང་། ཀྲང་ཅིང་ཝུ་ལྷ་སར་སླེབས་རྗེས་ཟླ་ ༨ ཚེས་༡༥ ཉིན་བོད་རྒྱལ་ཁབ་ཀྱི་སྲིད་ཚབ་བློ་བཟང་བཀྲ་ཤིས་དང༌། ཀླུ་ཁང་པ། སྲིད་ཟུར་གླང་མདུན་བཅས་སོ་སོར་ཐུག་འཕྲད་བྱས་ཡོད་པ་དང༌། དེ་ཉིན་སྲིད་ཚབ་ཀླུ་ཁང་པས་ཁ་རི་ཁ་ཐུག་ངང་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མོས་མཐུན་མེད་པའི་རྒོལ་གླེང་ཤུགས་ཆེ་གནང༌། དེའི་ཐད་སྐབས་དེའི་རྒྱ་ནག་གི་ལས་བྱེད་ཨ་ལོ་པུའུ་ཀྲང་གི་ཉིན་ཐོའི་ནང།
ཀླུ་ཁང་བ་ནི་བསམ་བློ་རྙིང་ཞེན་ཆེ་ལ་ཨུ་ཚུགས་ཚ་བ་དང༌། སྤྲོ་ཐུང་ཐུང་ཞིག་རེད། བོད་དུ་དཔུང་སྐྱོད་བྱེད་རྒྱུའི་སྐོར་དེ་རིང་གཏམ་གླེང་མང་པོ་བྱེད་ཀྱི་འདུག དང་ཐོག་གྲོས་མཐུན་དང་རླུང་འཕྲིན་ནང་ནས་ཐོན་པའི་ནང་དོན་གཉིས་མཚུངས་ཀྱི་མི་འདུག་ཅེས་ཟེར་བ་དང༌། ང་ཕོད་པེ་ཅིང་དུ་སྐྱོད་སྐབས་ཁོང་ལ་སྤྲད་པའི་ལས་འགན་ནི་ཞི་བའི་དབྱེ་འབྱེད་གྲོས་མོལ་བྱེད་རྒྱུ་དེ་ཡིན་པ་ལས། དམག་དོན་སྐོར་གྲོས་མོལ་བྱེད་རྒྱུའི་དབང་ཆ་སྤྲད་ཡོད་པ་མ་རེད། དོན་ཚན་བཅུ་བདུན་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་བྱུང་འདུག་ཅིང༌། གྲོས་མཐུན་དེ་དག་ཡང་སྙིང་གང་འདྲ་བྱུང་ཡོད་མེད་སྐོར། ང་ཕོད་ཕྱིར་འཁོར་མཚམས་སྙན་སེང་དང་གྲོས་བསྡུར་བྱས་པའི་རྗེས་སུ་སྐད་ཆ་བྱས་ཆོག་ཅེས་ཟེར། དེ་མིན་ཁོང་གིས་བཤད་དོན། ཞི་མོལ་ཡོང་ཐབས་བྱེད་བཞིན་པའི་སྐབས་དེར། ཆབ་མདོ་བཅིངས་འགྲོལ་[ཀླུ་ཁང་པས་ཏན་ཏན་ཆབ་མདོར་དྲག་པོའི་བཙན་འཛུལ་བྱས་པ་ཞེས་གསུངས་ཡོད་ངེས་རེད་མ་གཏོགས་བཅིངས་འགྲོལ་ཞེས་པའི་ཚིག་འདི་བེད་སྤྱོད་བཏང་ཡོད་ཀྱི་མ་རེད། རྩོམ་པ་པོས་]བཏང་བའི་སྐོར་གྱི་གནས་ཚུལ་དེ་ཐོས་བྱུང༌། བོད་ནི་ཆོས་ལྡན་གྱི་རྒྱལ་ཁབ་ཞི་བདེ་ལ་དགའ་མཁན་ཞིག་རེད། ཏཱ་ལ་སྐུ་ཕྲེང་རིམ་བྱོན་ཚང་མས་ཞི་བདེ་ཡོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ཅིང༌། ཏཱ་ལ་སྐུ་ཕྲེང་བཅུ་བཞི་པས་ཀྱང་ཞི་བདེ་ཡོང་གང་ཐུབ་གནང་གི་ཡོད་པ་རེད། སྐབས་དེར་མི་རྣམས་ངར་སེམས་སྐྱེད་ཀྱི་ཡོད་ཀྱང༌། ཏཱ་ལ་ནས་པེ་ཅིང་དུ་འཐུས་མི་བཏང་སྟེ་ཞི་མོལ་བྱེད་རྒྱུའི་འདོད་ཚུལ་མཐའ་གཅིག་ཏུ་གནང་བ་རེད། བོད་ནི་ཆོས་ལུགས་དར་ཁྱབ་ཆེ་བའི་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན་འདི་གར་དམག་དཔུང་བཏང་བ་ལས་སྤྱང་གྲུང་འཛོམས་ལ་འཇོན་ཐང་ཆེ་བའི་ལས་བྱེད་པ་འདྲ་བཏང་ཡོང་ན་དེ་ཡག་གི་རེད། ཀྲུང་གོ་ནི་མི་འབོར་མང་ལ་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཆེན་པོ་ཞིག་རེད། འོན་ཀྱང་བྱ་བ་གང་ཞིག་བྱེད་ཀྱང་ཚད་ཡོད་པ་ཞིག་བྱེད་དགོས་ཀྱི་རེད། གལ་ཏེ་དེ་འདྲ་མ་བྱས་ན་གཉིད་ཁུག་པའི་མིས་ཀྱང་ཡར་ལངས་ཏེ་ངོ་རྒོལ་བྱེད་ཀྱི་རེད། (ཕུན་ཚོགས་ཀྱིས་བརྗོད་གསལ་དེ་ནི་ཁྱིམ་མཚེས་རྒྱལ་ཁབ་ལ་ཟེར་བ་རེད་) གལ་ཏེ་བོད་འབངས་ལ་གཉའ་གནོན་བཏང་ཚེ། ང་རང་ནི་སྨ་ར་དཀར་པོ་ཆགས་ཤིང་འཆི་ལ་ཁད་ཀྱི་མི་ཞིག་ཡིན། བོད་འབངས་རྣམས་ལ་སྟོབས་ཤུགས་མེད་ནའང་ཁོ་ཚོས་དཀོན་མཆོག་གསུམ་ལ་སྨོན་ལམ་བརྒྱབ་སྟེ་རྗེས་སུ་ལས་འབྲས་འཁོར་སྲིད་ཀྱི་རེད་ཅེས་བརྗོད་ཀྱི་འདུག[2]
                          ཅེས་བྲིས་ཡོད་པ་རེད། དེ་བཞིན་ཚེས་ ༡༦ ཉིན་བཀའ་བློན་ལྷ་ཀླུ་དང་། ཟླ་ ༨ ཚེས་ ༢༡ ཉིན་རྩིས་དཔོན་ཁྲོ་དགའ་བོ། ཚེས་༢༢ ཉིན་བཀའ་བློན་རག་ག་ཤག ཚེས་ ༢༤ ཉིན་སྣེའུ་ཤར་ཐུབ་བསྟན་ཐར་པ་སོགས་མཇལ་འཕྲད་སྐབས་གོང་གསལ་བོད་གཞུང་གི་གནད་ཡོད་ལས་བྱེད་ཚོས་གྲོས་མཐུན་དོན་ཚན་ ༡༧ ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཡོད།
                དེ་ནས་རྒྱ་ནག་གི་སྐུ་ཚབ་ཀྲང་ཅིང་ཝུ་ཡིས་གྲོས་མཐུན་ལ་མོས་མཐུན་ཡོད་པའི་ཏར་འཕྲིན་གཏོང་དགོས་པའི་ནན་སྐུལ་མུ་མཐུད་དེ་ཡང་ཡང་བྱེད་སྐབས་བོད་གཞུང་གིས་"སང་ཉིན་ཚེས་གྲངས་བཟང་པོ་མི་འདུག གནངས་ཉིན་གཟའ་སྤེན་པར་ངལ་གསོ་རེད། གཞེས་ཉིན་ནོར་བུ་གླིང་ཁར་ལྷ་མོ་འཁྲབ་ཀྱི་རེད་ཟེར་བ་སོགས་ཀ་ཀོར་བཤད་ནས་"[3]དུས་ཚོད་བསྐྱལ་ཏེ། ཏར་འཕྲིན་རྩ་བ་ནས་མ་བཏང་། ཟླ་བ་ ༩ ཚེས་ ༨ ཉིན་བཀའ་བློན་ང་ཕོད་སོགས་ཚལ་གུང་ཐང་དུ་འབྱོར་ཞིང་། དེ་ནས་ལྷ་སར་བཅར་ཏེ་འབྱོར་ཕྱག་ཞུས་རྗེས། ཚེས་ ༢༤ ནས་ ༢༦ བར་ནོར་གླིང་ཞབས་བརྟན་ལྷ་ཁང་དུ་བོད་གཞུང་གིས་སེ་འབྲས་དགའ་གསུམ་གྱི་མཁན་པོ་ལས་སྣེ་དང༌། གཞུང་ཞབས་སེར་སྐྱ། དམག་སྒར་ཁག་གི་རུ་བརྒྱ། འཇུ་ལང་གཞུང་སོག་འགོ་པ་སོགས་མི་སྣ་སུམ་བརྒྱ་ལྷག་ཡོད་པའི་ཚོགས་འདུ་རྒྱས་འཛོམས་བསྐོང་བ་དང༌། ཚོགས་འདུ་དེའི་ཐོག་བཀའ་བློན་ང་ཕོད་སོགས་ཞི་གྲོས་སྐུ་ཚབ་ཚོས་པེ་ཅིང་དུ་གྲོས་མཐུན་བཞག་པའི་བརྒྱུད་རིམ་ངོ་སྤྲོད་བྱས། དེའི་ཐད་སྐུ་ཚབ་གཙོ་བོ་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ཀྱིས།
་་་སྐབས་དེར་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཀྲང་ཅིང་ཝུ་ལྷ་སར་ཕེབས་ཟིན་པ་དང༌། ཀྲང་གོ་ཧྭ་དང་ཐན་ཀའོན་སན་གཉིས་ཀྱིས་དམག་དཔུང་ཁྲིད་ནས་མཇུག་ཏུ་ཡོང་གི་ཡོད་ཀྱང༌། ལྷ་སར་འབྱོར་མེད། སྐུ་ཚབ་ཀྲང་ཅིང་ཝུ་ནས་ཏཱ་ལའི་བླ་མར་གྲོས་མཐུན་ལ་མིང་རྟགས་བཀོད་ཟིན་པས་ཏཱ་ལའི་བླ་མས་དམག་དཔུང་ཆེ་བ་ལྷ་སར་མ་འབྱོར་གོང་ཀྲུང་དབྱང་ལ་རྣམ་འགྱུར་ཞིག་སྟོན་པ་གནང་དགོས་ཞུས་པར། སྲིད་ཚབ་གཉིས་ནས་གནད་དོན་དེ་ང་ཚོས་འཕྲལ་ཐག་གཅོད་ཐུབ་ཀྱི་མ་རེད། བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་རྒྱས་པ་འཚོགས་ནས་གཏན་འཁེལ་བྱེད་དགོས་ཞེས་བཤད་ནས་ཚོགས་འདུ་ཧྲག་བསྡུས་རྒྱས་པ་འཚོག་རྒྱུ་བྱས་པ་རེད། སྲོན་རྒྱུན་ལྟར་ན་ཚོགས་འདུ་ཧྲག་བསྡུས་རྒྱས་པ་དང༌། རྒྱས་འཛོམས་ཚོགས་འདུར་བཀའ་བློན་ཞུགས་ཆོག་གི་མ་རེད། ཡིན་ནའང་ཚོགས་འདུ་འདིའི་གྲོས་གཞི་ཆབ་མདོར་བཅིངས་འགྲོལ་བཏང་བའི་སྐོར་དང་གྲོས་མཐུན་ལ་མིང་རྟགས་བཀོད་པའི་སྐོར་གྱི་གནད་དོན་ཡིན་པར་བརྟེན། ང་དང་དེ་མིན་གྱི་ཞི་མོལ་སྐུ་ཚབ་བཞི་ཚོགས་འདུ་དེར་ཞུགས་ཏེ་ཚོགས་འདུར་ཆབ་མདོ་བཅིངས་འགྲོལ་བཏང་བ་དང༌། གྲོས་མཐུན་ལ་མིང་རྟགས་བཀོད་པའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་ཞུ་ཆོག་པ་ཞེས་སྲིད་ཚབ་གཉིས་ལ་རེ་འདུན་ཞུས་པ་ཡིན། ངས་ཚོགས་འདུ་འདིར་གཞུག་རྒྱུའི་རེ་འདུན་ཞུ་དགོས་དོན་གང་ཡིན་ཟེར་ན། གཅིག་ནས་དངོས་བྱུང་གནས་ཚུལ་ངོ་སྤྲོད་ཞུ་དགོས་པ་དང༌། གཉིས་ནས་སྐབས་དེར་སྤྱི་ཚོགས་ཐོག་ཀྲུང་དབྱང་གིས་ང་ལ་དངུལ་མང་པོ་གནང་བ་དང༌། ངས་བོད་བཙོངས་པ་རེད་ཟེར་བ་སོགས་ཤོད་ཚུལ་མང་པོ་ཡོད། ཚོགས་འདུའི་ཐོག་ང་ཚོས་གོང་དུ་ད་རེས་ངས་ཚང་མར་ཞུས་པའི་གནས་ཚུལ་དེ་དག་(གྲོས་མོལ་གྱི་བརྒྱུད་རིམ་སྐོར་ལ་ཟེར་)ངོ་སྤྲོད་བྱས་པ་དང༌། མཇུག་ཏུ་ངས་ཀྲུང་དབྱང་གིས་ང་ཚོ་བསླུས་པ་རེད་ཟེར་གྱི་ཡོད། ཡང་སྙིང་ཀྲུང་དབྱང་གིས་ང་ཚོར་ག་རེ་གནང་ཡོད་ཟེར་ན། ང་རང་ལ་མའོ་ཀྲུའུ་ཞིའི་སྐུ་དཔར་ཞིག་དང༌། གོས་ཆེན་སེར་པོ་བསྟབས་དྲིལ་གཅིག ཇ་སྤ་ཏི་སྒམ་གང་བཅས་གནང་བྱུང༌། དཔོན་རིགས་གཞན་ལ་གནང་ཡས་ནི་ང་ལས་ད་དུང་ཉུང་བ་ཡོད། དངོས་རྫས་དེ་དག་གིས་ང་ང་ཕོད་བསླུ་ཐུབ་ཀྱི་རེད་དམ། དེའི་ཐད་ཁྱེད་རྣམ་པས་བསམ་བློ་གཏོང་རོགས་གནང་ཞེས་བཤད་པ་ཡིན། ་་་ "[4]
                                ཞེས་བཤད་ཡོད། ཚོགས་འདུའི་ཐོག་ང་ཕོད་ཀྱིས་སྙན་སེང་ཞིབ་ཕྲ་ཞུས་རྗེས་ཞི་གྲོས་སྐུ་ཚབ་ཚོགས་པའི་ཁོངས་མི་ལྷའུ་རྟ་རས་ཀྱང་ཁ་སྣོན་ཁ་ཤས་ཞུས་པ་དང་འབྲེལ་ཚོགས་འདུར་གྲོས་བསྡུར་དང་ཁོང་ཚོར་སྐྱོན་བརྗོད་གནང་བདེ་བའི་ཆེད་བོད་ཀྱི་ཞི་མོལ་སྐུ་ཚབ་རྣམས་ཚོགས་རྭའི་ཕྱིར་ཐོན། ཁོང་ཚོ་ཕྱིར་ཐོན་རྗེས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཀྱིས་ཛ་དྲག་ཉེན་ཆེའི་གནས་སྟངས་དེ་འདྲའི་འོག་བཀའ་བློན་ང་ཕོད་སོགས་ཀྱིས་རང་ཉེན་ལ་མ་ལྟོས་པར་འབད་བརྩོན་གནང་སྟེ་རང་ཕྱོགས་ལ་ཁེ་ཕན་གང་ཆེ་ཡོང་ཐབས་ཀྱི་གྲོས་མཐུན་དེ་འདྲ་ཞིག་བཞག་པ་ལས་ལྷག་པ་ཞིག་ཡུལ་དུས་གནས་སྟངས་དབང་གིས་ཡོང་ཐབས་མེད་པའི་ངོས་འཛིན་གནང་བ་དང་མཉམ་དུ། གྲོས་མཐུན་དོན་ཚན་ ༡༧ ནང་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་གསལ་བ་དེའི་འགན་དབང་ག་རེ་ཡིན་པ་དང་། དེ་བཞིན་༸གོང་ས་ཏཱ་ལའི་བླ་མའི་སྐུ་དབང་གི་གནས་སྟངས་ཇི་ལྟར་ཡིན་པ། བོད་ལ་ཡང་སྙིང་རྒྱ་ནག་གི་དམག་དཔུང་གྲངས་ཇི་ཙམ་འཇོག་རྒྱུ་ཡིན་པ་དང་བོད་དམག་བསྒྱུར་བཅོས་ཀྱི་འཆར་གཞི་གོ་རིམ་ཇི་ལྟར་ཡིན་པ། བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་པེ་ཅིང་ནས་རྒྱ་ནག་གཞུང་ལ་དགོས་འདུན་བཏོན་ཟིན་པ་ལྟར། མདོ་སྟོད་སྨད་ཀྱི་ས་ཁུལ་རྣམས་བོད་གཞུང་གི་མངའ་ཁོངས་སུ་ཟླ་སྒྲིལ་གནང་རྒྱུའི་གནད་དོན་བཅས་ཀྱི་སྐོར་ལ་ངེས་པར་གསལ་བཤད་དགོས་པ་དང་། གསལ་བཤད་འདོད་བློ་ཁེངས་པ་བྱུང་མཚམས་གཞི་ནས་གྲོས་མཐུན་ལ་མོས་མཐུན་ཡོད་པའི་ཏར་འཕྲིན་གནང་རྒྱུའི་ཐག་གཅོད་གནང་།[5]     
                     ཚོགས་འདུ་རྒྱས་འཛོམས་ཀྱི་ཐག་གཅོད་ལྟར། བོད་གཞུང་བཀའ་ཤག་གིས་ཟླ་ ༡༠ ཚེས་ ༡༡ ཉིན་རྒྱ་ནག་གི་སྐུ་ཚབ་ལ། གོང་གསལ་དོན་གནད་ཁག་ལ་གསལ་བཤད་ལན་འདེབས་དགོས་པའི་ཕྱག་བྲིས་གནང་ཞིང་། རྒྱ་ཕྱོགས་ནས་"གནད་དོན་ཁ་ཤས་ཀྱི་ཐད་ལ་གྲོས་མཐུན་གྱི་དགོངས་དོན་ལ་གཞིགས་ཏེ་འོལ་སྤྱི་ཙམ་ལན་འདེབས་"[6]བྱ་གཏན་འཁེལ་ཏེ་ཟླ་ ༡༠ ཚེས་ ༡༤ ཉིན་བཀའ་ཤག་ཏུ་བོད་རྒྱ་ཕྱོགས་གཉིས་ལྷན་ཚོགས་ཀྱིས་གོ་བསྡུར་བྱས། འོན་ཀྱང་ལྷན་ཚོགས་དེའི་ཐོག་ཛ་དྲག་རྩོད་གླེང་རྣོ་ངར་ཅན་བྱུང་སྟེ། "གྲོས་བསྡུར་ཉིན་ཕྱེད་བྱས་ཀྱང་བསམ་འཆར་གཅིག་མཐུན་མ་བྱུང་བ་རེད།" རྒྱ་ཕྱོགས་ནས་འོལ་སྤྱི་ཙམ་ལས་ཁས་ལེན་ཚིག་ཐལ་བྱེད་ཀྱི་མེད་པ་དང༌། དེ་ཡང་ངག་ཐོག་ལས་ཡིག་ཐོག་ཁས་ལེན་བྱེད་ཀྱི་མེད་སྟབས་ཟླ་ ༡༠ ཚེས་ ༢༡ ཉིན་བོད་གཞུང་གིས་ཚོཌ་ཐོག་ཏུ་"གྲོས་མཐུན་ལ་རྣམ་འགྱུར་སྟོན་རྒྱུའི་གློག་འཕྲིན་ཁྱབ་གཏོང་བྱེད་རྒྱུའི་ཐད། བཀའ་ཤག་ནས་བཏོན་པའི་གནད་དོན་གསུམ་ལ་ཀྲང་ཏའི་པེའོ་ཡིས་ཡིག་ཐོག་གི་ལན་འདེབས་གནང་རྗེས་གཞི་ནས་བཀའ་མོལ་བྱེད་རྒྱུ་ཡིན་ཞེས་གསུངས་"[7]
                  དེ་རྗེས་ཟླ་ ༡༠ ཚེས་ ༢༤ ཉིན༌ཀྲང་ཅིང་ཨུ་ཡིས་བཀའ་ཤག་གི་ཚོགས་འདུའི་ཐོག་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཀྱིས་བཀའ་ཤག་བརྒྱུད་བཏོན་པའི་དོན་གནད་ཁག་གསུམ་ལ་ཁ་གསལ་གྱི་ལན་འདེབས་བྱས་ཤིང་། ལན་འདེབས་ཀྱི་ཞིབ་ཕྲའི་ནང་དོན་ཐད་ཡིག་ཆ་ཁག་ནང་རྒྱས་བསྡུས་སྣ་ཚོགས་འདུག་ཀྱང་། ཅུང་ཁ་གསལ་བའི་ལན་འདེབས་ཤིག་ནི་གཤམ་དུ་བཀོད་པ་དེ་ཡིན།
  • དམག་སྲིད་ཨུ་ཡོན་ལྷན་ཁང་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བོད་དུ་དགོས་ངེས་ཀྱི་སྐུ་ཚབ་ལས་ཁུངས་ཤིག་ཡིན་པ་དང༌།
  • བོད་དམག་ཁུལ་ཁང་ནི་དམག་དོན་ཁོ་ནའི་ལས་ཁུངས་ཤིག་ཡིན་པ་རེད།
  • མི་དམངས་བཅིངས་བཀྲོལ་དམག་ཅུན་ཤོག་གཅིག་རང་སྟེ་མི་གྲངས་ཉིས་ཁྲིའི་གཡས་གཡོན་ཞིག་ཡོང་སྟེ་རྒྱལ་རྩེ་དང༌། གཞིས་ཀ་རྩེ། མངའ་རིས། ཉིང་ཁྲི་སོགས་ཀྱི་ས་མཚམས་ཁུལ་དུ་སྡོད་རྒྱུ་དང༌། ལྷ་སར་དམག་གྲངས་བཞི་སྟོང་ཡས་མས་ཙམ་ལས་བསྡད་རྒྱུ་མིན་པ་རེད།
  • དམག་མཁོའི་འབྲུ་རིགས་ལ་བོད་མི་དམངས་ནས་འགན་འཁུར་ལེན་མི་དགོས། ཀྲུང་དབྱང་ནས་རྡཱ་ཡང་གིས་ཉོ་སྒྲུབ་བྱ་རྒྱུ་དང་དེ་མིན་ནང་ས་ནས་འོར་འདྲེན་བྱ་རྒྱུ་ཡིན།
  • བོད་དམག་རྣམས་བཅིངས་བཀྲོལ་དམག་ཁོངས་ཀྱི་གོ་རིམ་ཁོངས་སྒྲིག་རྒྱུ་དང༌། བཅིངས་བཀྲོལ་དམག་ལ་ཡོད་པའི་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱད་ཆོག་རྒྱུ།
  • བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡོང་བའི་གནད་དོན་ཐད། སི་ཁྲོན་དང༌། ཀན་སུའུ། ཡུན་ནན། ཁམས། མཚོ་སྔོན་བཅས་ཞིང་ཆེན་ཁག་གི་བོད་རིགས་རྣམས་ནས་འདེམས་ཤོག་འཕེན་ཏེ་ཐག་གཅོད་བྱ་རྒྱུ་དང༌། ཁོང་ཚོས་ཁས་ལེན་མོས་མཐུན་བྱས་ཚེ་དེ་ལྟར་འཐུས་རྒྱུ། འོན་ཀྱང་(བོད་གཞུང་གི་ཐད་ཀའི་མངའ་ཁོངས་)ད་ལྟ་བཅིངས་བཀྲོལ་ཐོབ་ཟིན་ཙམ་ཡིན་སྟབས། ཚང་མ་ལག་བསྟར་བྱེད་རྒྱུར་ལྷག་བསྡད་ཡོད་པར་མ་ཟད་བོད་པའི་ས་ཁུལ་གཞན་ཁག་བཅིངས་བཀྲོལ་ཐོབ་སྔ་བ་དང༌། ལས་དོན་འཕེལ་རྒྱས་འགྲོ་མགྱོགས་པ་བཅས་ཡོད་པས། ད་ལྟ་གཅིག་འགྱུར་གྱི་གླེང་སློང་བྱ་རྒྱུ་བསྡད་མེད།
  • ཆབ་མདོ་ས་ཁུལ་ཐད་ཀྲུང་དབྱང་ནས་ཆོག་མཆན་ཐོབ་པ་ལྟར་བོད་ལྗོངས་ཀྱི་ཁོངས་སུ་སྒྲིལ་ཆོག་རྒྱུ། དེར་ཚོད་དཔག་བྱས་ན་ཡང་དཀའ་ངལ་ཡོང་མི་སྲིད།
  • ཏཱ་ལའི་བླ་མའི་གོ་གནས་ཀྱི་གནད་དོན་སྐོར། ཁོང་གི་གོ་གནས་ལ་བསྒྱུར་བཅོས་མི་བྱེད་པར། ཀྲུང་དབྱང་ནས་ཁོང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བསྐོ་གཞག་གནང་རྒྱུ་ཡིན་པ་རེད།[8]
                                            ཅེས་གསལ་ཡོད། མདོར་ན། རྩ་བའི་གནད་དོན་ཆེན་པོ་ཁ་ཤས་ཀྱི་ཐད་ལ། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཀྱི་ཐག་གཅོད་ལྟར། བཀའ་ཤག་གིས་རྒྱ་ནག་གཞུང་ལ་ཡིག་ཐོག་དགོས་འདུན་བཏོན་རྗེས། བོད་རྒྱ་ཕྱོགས་གཉིས་ཕན་ཚུན་སྦྱང་བཤད་དང་གྲོས་བསྡུར་རྣོ་ངར་ཅན་བྱས་རྗེས། གྲོས་མཐུན་དོན་ཚན་བཅུ་བདུན་ནང་མ་གསལ་བའི་གཤམ་གསལ་གནད་དོན་གཙོ་བོ་གསུམ་གྱི་ཐད་ཐག་གཅོད་གསལ་པོ་བྱུང་བ་རེད། དེ་ཡང་གནད་དོན་གསུམ་ནི།
  1. དམག་སྲིད་ཨུ་ཡོན་ལྷན་ཁང་གི་འགན་དབང་དང་བོད་དུ་གཏན་འཇོག་བྱེད་རྒྱུའི་དམག་དཔུང་གི་ཁ་གྲངས། གནས་ཡུལ། དམག་ཕོགས། ཐ་ན་དམག་མི་ཁྲི་གཉིས་ནས་ཉུང་འཕྲི་བྱས་ཆོག་པའི་དོན་གནད་དང་གཅིག (དམག་དཔུང་ཉུང་འཕྲི་བྱས་ཆོག་པ་དེ་ཡིག་ཆ་གཞན་ནང་གསལ། ཟུར་མཆན་ཨང་ ༨ པར་གཟིགས།)
  2. བོད་ཀྱི་ས་ཁུལ་ཡོངས་གཅིག་སྒྲིལ་བྱེད་མིན་ཐད་མ་འོངས་པར་སི་ཁྲོན་དང༌། ཀན་སུའུ། ཡུན་ནན། ཁམས། མཚོ་སྔོན་བཅས་ཞིང་ཆེན་ཁག་གི་བོད་རིགས་རྣམས་ནས་འདེམས་ཤོག་འཕེན་ཏེ་ཐག་གཅོད་བྱ་རྒྱུ་དང༌། ཁོང་ཚོས་ཁས་ལེན་མོས་མཐུན་བྱས་ཚེ་དེ་ལྟར་བྱས་ན་འཐུས་པའི་དོན་གནད་དང་གཉིས།
  3. ཏཱ་ལའི་བླ་མ་མཆོག་གི་སྐུ་དབང་ལ་སྒྱུར་བཅོས་མི་བྱེད་པ་དང་ལྷག་པར་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་གཞི་དང་ཀྲུའུ་ཞི་གཞོན་པ་གཉིས་རིམ་པ་བཞིན་ཏཱ་ལའི་བླ་མ་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་བཞེས་རྒྱུ་དང་གསུམ་བཅས་ཡིན།   
              སྙིང་པོ་བསྡུས་ཏེ་བཤད་ན། གྲོས་མཐུན་དོན་ཚན་ ༡༧ དེ་བཙན་དབང་དང་དམག་དཔུང་གི་སྡིག་རའི་འོག་བོད་མིའི་མངོན་འདོད་ལ་རྩིས་མེད་རྡོག་རོལ་གྱིས་བཞག་པ་ཞིག་ཡིན་པས། དེ་ལ་གྲོས་མཐུན་ཞེས་པའི་མིང་འདོགས་འོས་མེད་ཀྱང་། གོང་གསལ་དོན་གནད་གསུམ་དང་འབྲེལ་བའི་གྲོས་མཐུན་ཐག་གཅོད་ནི། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཀྱི་དགོས་འདུན་ལ་རྒྱ་ཕྱོགས་ནས་བསམ་གཞིགས་ཀྱིས་ཁས་བླངས་པའི་དོན་གནད་ཡིན་སྟབས། གྲོས་མཐུན་དོན་ཚན་ ༡༧ ཞེས་པ་དང་བསྡུར་ན་ཚད་ངེས་ཅན་གྱི་ཐོག་ནས་གྲོས་མཐུན་ཡིན་པའི་རྣམ་པ་ཤུགས་ཆེ་བ་ལྡན་ཡོད། འོན་ཀྱང་སྐབས་དེར་རྒྱ་ནག་གི་དཔུང་ཤུགས་བོད་ཡོངས་སུ་ཁྱབ་ཟིན་པར་བརྟེན། བཙན་དབང་སྡིག་རའི་ཤུགས་རྐྱེན་མེད་པ་མིན། ཐེངས་འདིར་ཐག་གཅོད་བྱུང་བའི་དོན་གནད་གཙོ་བོ་ནི། བོད་དེ་ཕྱིར་རྒྱ་ཁོངས་སུ་ཡིན་པ་ཁས་ལེན་ཐོག་ནང་དུ་བོད་ས་ཡོངས་རྫོགས་གཅིག་སྒྲིལ་གྱིས་རང་སྐྱོང་བྱེད་རྒྱུ་དེ་ཡིན་ཞིང༌། དེ་ནི་ད་ལྟ་ྋགོང་ས་མཆོག་དང་བོད་གཞུང་གིས་བརྩོན་ལེན་གནང་བཞིན་པའི་དབུ་མའི་ལམ་གྱི་སྲིད་ཇུས་དང་གཅིག་མཚུངས་ཆགས་ཡོད་ཅིང༌། ཆ་རྐྱེན་དེ་ཉིད་ལེགས་སྒྲུབ་ཐོག་བོད་དུ་དམག་དཔུང་ཁྲི་གཉིས་ཡས་མས་ལས་མི་དགོས་པ་དང་། དེ་ཡང་ཉུང་འཕྲི་བྱས་ཆོག་པ་འདི་བསྣན་ཚེ། བོད་ཡོངས་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུའི་ཐུགས་བཞེད་དང་ཡང་ཧ་ཅང་ཐག་ཉེ་པོ་རེད། གལ་སྲིད་དུས་དེར་རྒྱ་ནག་གིས་ཆ་རྐྱེན་དེ་དག་ཁས་བླངས་པ་ལྟར་ལག་བསྟར་བྱས་ཡོད་ཚེ། བོད་རྒྱའི་དབར་གྱི་རྩོད་རྙོག་ཐད་སྐབས་དེ་དུས་ནས་རྫོགས་ཚིག་ཅིག་འགོད་ཐུབ་པའི་གཞི་རྩ་ངེས་ཅན་ལྡན་ཡོད།
            རྒྱ་ནག་གཞུང་གིས་གོང་གསལ་ཁས་ལེན་བྱས་རྗེས། ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་གཞི་ནས་༸གོང་ས་མཆོག་གིས་མཚན་ཐོག་ནས་གྲོས་མཐུན་དེར་མོས་མཐུན་ཏར་འཕྲིན་[9]གནང་བ་རེད། 
              གྲོས་མཐུན་དོན་ཚན་བཅུ་བདུན་དུ་འབོད་པ་དེ་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་བཞག་པ་ནས་ཕྱི་ཟླ་ ༡༠ ཚེས་ ༢༤ བར་ཁྱོན་བསྡོམས་ཟླ་བ་ལྔ་ཏག་ཏག་གི་དུས་ཚོད་འགོར་ཡོད་པ་རེད། བོད་རྒྱའི་འབྲེལ་ལམ་ལ་ཞིབ་འཇུག་བྱེད་མཁན་ཚོས་ཟླ་བ་ལྔ་འདི་འགོར་ཡོད་པ་ཤེས་ཀྱང་། ཟླ་བ་ལྔ་ཅིའི་ཕྱིར་འགོར་བ་ཤེས་མཁན་ཉུང་ཉུང་རེད།
              ལྟར་སྣང་ལ་ཐེངས་འདིའི་༸གོང་ས་མཆོག་གི་མོས་མཐུན་ཏར་འཕྲིན་དེ་གྲོས་མཐུན་དོན་ཚན་ ༡༧ ལ་མོས་མཐུན་ཡོད་པའི་ཏར་འཕྲིན་ཞིག་ཡིན་པ་ལྟར་སྣང་ཡང་། དོན་དངོས་སུ་ཏར་འཕྲིན་འདིའི་ཆེད་དུ་རྒྱ་ནག་གཞུང་གིས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཀྱིས་བཏོན་པའི་གོང་གསལ་དོན་ཆེན་གསུམ་གྱི་ཐད་མོས་མཐུན་གསལ་པོ་བྱས་ཡོད་པས། ཏར་འཕྲིན་འདི་ནི་གྲོས་མཐུན་དོན་ཚན་ ༡༧ ཙམ་ལ་མོས་མཐུན་མཛད་པའི་ཏར་འཕྲིན་ཞིག་རྩ་བ་ནས་མ་རེད་ལ། ཏར་འཕྲིན་འདིའི་རྒྱབ་ལྗོངས་སུ་གནས་པའི་དོན་ཆེན་ཁོངས་ནས་བོད་ཀྱི་ས་ཁུལ་ཡོངས་འཛིན་སྐྱོང་གི་གོང་བུ་གཅིག་གི་འོག་ཆིག་བསྒྲིལ་བྱ་དགོས་པ་དང་། ༸གོང་ས་མཆོག་བོད་མི་དམངས་ཀྱི་མགོན་སྐྱབས་སུ་ཕེབས་དགོས་པ། བོད་འཛིན་སྐྱོང་གི་དབང་ཆ་བོད་མིར་ཡོད་དགོས་པ་བཅས་ནི་ད་ལྟའང་ད་དུང་བོད་མི་དམངས་ཀྱི་དགོས་འདུན་ཆེ་ཤོས་ཀྱི་གྲས་ཡིན་པ་དེ། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་ཉེ་ཆར་བྱུང་བའི་སྐྱེ་རྒུ་མདོའི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སོགས་ཀྱིས་འཛམ་གླིང་ལ་གསལ་བར་སྟོན་བཞིན་ཡོད་དོ།། །། །།

གྲོས་མཐུན་དོན་ཚན་བཅུ་བདུན་དུ་འབོད་པའི་ཡིག་ཆ་དེའི་སྐོར་ཞིབ་པར་མཁྱེན་འདོད་ན། ཡིག་ཆ་དེ་བོད་རྒྱའི་ལོ་རྒྱུས་ཀྱི་གནས་བབས་ཅི་འདྲ་ཞིག་གི་འོག་ནས་བཞག་པ་དང་། དེའི་བྱུང་རིམ་ལོ་རྒྱུས་ཞིབ་ཕྲ། ཁྲིམས་ཐོག་ཀྱི་གནས་བབས་བཅས་ཀྱི་སྐོར་ལ་ཕྲན་དང་ཕྲན་གྱི་གྲོགས་པོ་བསོད་ནམས་རྡོ་རྗེ་ཟུང་གིས་ཕྱི་ལོ་ ༢༠༠༡ ལོར་བྲིས་ཤིང་བོད་གཞུང་སྣར་ཐང་པར་ཁང་གིས་པར་སྐྲུན་གནང་བའི་《བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་》ཅེས་པའི་དེབ་དེར་གཟིགས་པར་མཛོད།


ཟུར་མཆན།
[1]
འདིའི་སྐོར་བོད་ནང་ནས་བཏོན་པའི། བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཨང་དང་པོ། ཤོག་ངོས་་༡༤༢ དང་། རྒྱ་གར་ནང་ནས་བཏོན་པའི། མི་ཚེའི་བྱུང་བ་བརྗོད་པ། དེབ་གཉིས་པ། ཤོག་ངོས་ ༧༡ ལ་གཟིགས།
[2]
བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཨང་དང་པོ། ཤོག་ངོས་ ༡༥༠།༥༡ ལ་གསལ། དེ་བཞིན་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་ལོ་རྒྱུས་ལའང་གཟིགས།
[3]
བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཨང་དང་པོ། ཤོག་ངོས་ ༡༦༧ ལ་གསལ།
[4]
༡༩༨༩ ཟླ་ ༨ ཚེས་ ༣༡ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་དུ་གསལ།
[5]
འདིའི་སྐོར་མི་ཚེའི་བྱུང་བ་བརྗོད་པ། དེབ་གཉིས་པ། ཤོག་ངོས་ ༨༠།༨༡ དང་། བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་དྲུག་པ། ཤོག་ངོས་ ༢༦༡།༦༢ དེབ་དེ་གའི་ཤོག་ངོས་ ༢༧༩ ལྷག་པར་དུ། བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་བཏང་བའི་དངོས་དོན་བཀོད་པ། ཞེས་པའི་ཤོག་ངོས་ ༤ བཅས་སུ་གཟིགས།
[6]
བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་དྲུག་པ། ཤོག་ངོས་ ༢༨༠ ལ་གསལ།
[7]
གོང་གསལ་དེབ་ཀྱི་ཤོག་ངོས་ ༢༨༩ ལ་གསལ།
[8]
བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་བཏང་བའི་དངོས་དོན་བཀོད་པ། ཤོག་ངོས་ ༤ པར་གསལ། དེ་མིན། རྒྱ་ནག་གིོ་ནང་ཁུལ་གསང་བའི་ཡིག་ཆ། བོད་ཞི་བས་བཅིངས་འགྲོལ་བཏང་བ་ཞེས་པའི་ཤོག་ངོས་ ༤༡ པར་ལན་འདེབས་འདིའི་ནང་དོན་མདོར་བསྡུས་ཤིག་བཀོད་པའི་ནང་"༡། དམག་སྲིད་ཨུ་ཡོན་ལྷན་ཁང་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་དུ་བཙུགས་པའི་ཚབ་བྱེད་ལས་ཁུངས་ཤིག་ཡིན་ལ། གྲོས་མཐུན་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དུ་བཙུགས་པ་ཞིག་ཀྱང་ཡིན། དམག་སྲིད་ཨུ་ཡོན་ལྷན་ཁང་དུ་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་ལས་གནས་བསྐོ་གཞག་བྱ་རྒྱུར། ཏཱ་ལའི་བླ་མ་ཀྲུའུ་ཞི་དང༌། པཎ་ཆེན་དང་ཀྲང་གོ་ཧཱ་གཉིས་ཀྲུའུ་ཞི་གཞོན་པར་བསྐོ་གཞག་གནང་འཆར་ཡིན། ༢། དམག་དཔུང་བོད་དུ་དཔུང་འཇུག་བྱ་རྒྱུའི་མི་གྲངས་ཐད། བོད་ས་གནས་སྲིད་གཞུང་གིས་གལ་སྲིད་གྲོས་མཐུན་ལག་བསྟར་བྱེད་པར་འགན་ལེན་བྱེད་ཐུབ་ན། དེ་སྔ་གཏན་འབེབས་བྱས་པའི་མི་གྲངས་ལས་ཉུང་དུ་བཏང་ཆོག་གི་རེད། ༣། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་རྩ་དོན་ཐོག་ཆབ་མདོ་ས་ཁུལ་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བཅུག་རྒྱུར་མོས་མཐུན་བྱེད་རྒྱུ་ཡིན།"ཞེས་གསལ་འདུག འདིའི་ནང་མདོ་སྟོད་སྨད་ཀྱི་གནད་དོན་དེ་འཁོད་མི་འདུག
[9]
ཏར་འཕྲིན་ཆ་ཚང་གཤམ་གསལ་ལྟར་རེད། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་མའོ་ཀྲུའུ་ཞི་མཆོག་ལ། འདི་ལོ་བོད་ས་གནས་སྲིད་གཞུང་གིས་བཀའ་བློན་ང་ཕོད་སོགས་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་ལྔ་ཆེད་གཏོང་བྱས་པ། ༡༩༥༡ ལོའི་ཟླ་བ་བཞི་པའི་ཟླ་མཇུག་ལ་པེ་ཅིང་དུ་སླེབས་འབྱོར་གྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དམིགས་འཛུགས་གནང་བའི་དབང་ཆ་ཆ་ཚང་ཡོད་པའི་སྐུ་ཚབ་དང་ཞི་བའི་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་པོའི་སྐུ་ཚབ་ཀྱིས་མཛའ་བརྩེའི་མཐུན་ལམ་གྱི་རྨང་གཞིའི་ཐོག་༡༩༥༡ ལོའི་ཟླ་༥ ཚེས་༢༣ ཉིན་<<བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་>>ལ་མིང་རྟགས་བཀོད་པར་བོད་ས་གནས་སྲིད་གཞུང་དང་བོད་རིགས་སེར་སྐྱ་མི་དམངས་རྣམས་ཀྱིས་གཅིག་གྱུར་ཐོག་སྲུང་བརྩི་ཞུ་རྒྱུ་མ་ཟད། མའོ་ཀྲུའུ་ཞི་དང༌། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་འཁྲིད་འོག་མི་དམངས་བཅིངས་འགྲོལ་དམག་བོད་སྐྱོད་དཔུང་སྡེར་རོགས་རམ་བྱ་རྒྱུར་འབད་པ་ལྷོད་མེད་ཀྱིས་རྒྱལ་སྲུང་སྲ་བརྟན་དང༌། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་ཕྱིར་འབུད་བྱས་ཏེ་མེས་རྒྱལ་གྱི་ས་ཁོངས་དབང་ཆ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུ་བཅས། བོད་ས་གནས་སྲིད་གཞུང་ནས་ཏཱ་ལའི་བླ་མས། སྤྱི་ལོ་༡༩༥༡ ཟླ་༡༠ ཚེས་༢༤ ཉིན་ཕུལ།  ཏར་འཕྲིན་འདིར་ཡང་རྒྱ་ནག་གི་ཕྱོགས་ནས་བཟོ་བཅོས་ཀྱིས་ཚིག་ལྷད་བཅུག་ཡོད་འདུག་ཀྱང་ཡིག་ཚོགས་ལ་འཇིགས་ཏེ་འདིར་གླེང་མེད།